རྩོམ་པ་པོ། འཆི་མེད་སྒྲོལ་དཀར།
སྨག་རུམ་གྱི་མུན་པ་སེལ་མཁན། རང་རེའི་ཕུགས་བསམ་གྱི་སྒོ་མོ་འབྱེད་མཁན། སློབ་ཕྲུག་ལ་ཤེས་བྱ་རིག་གནས་ཤེས་པའི་ཆེད་དུ་རང་ཉིད་ཀྱི་དོན་དག་མང་པོ་བློས་གཏོང་མཁན། སློབ་ཕྲུག་ལ་རང་གི་བུ་ཕྲུག་ལྟར་བྱམས་སྐྱོང་གནང་མཁན་གྱི་བཀའ་དྲིན་ཅན་གྱི་ཕ་མ་གཉིས་པ་ནི་དགེ་བའི་བཤེས་གཉེན་ཡིན། ཁོང་རྣམ་པས་ངང་རྒྱུད་རིང་པོས་བསྐྱོན་པའི་བསླབ་བྱ་དག་ནི་ང་ཚོའི་སེམས་སུ་རྡོ་བརྐོས་རི་མོ་བཞིན་གནས་ཡོད་ལ། ཁོང་ཚོས་བསླབ་པའི་ཤེས་བྱ་རིག་གནས་ནི་ང་ཚོའི་ངོས་ནས་བཤད་ན། སྦྲང་ཆར་བསིལ་མས་ས་གཞི་བརླན་དང་མཚུངས།
དེ་ཡང་ངའི་སློབ་འབྲིང་གི་བོད་ཡིག་རྒན་ལགས་ནི། སྐུ་གཟུགས་རིང་ཡང་སྐུ་ཤ་དེ་ཙམ་རྒྱགས་པོ་མེད། དབུ་སྐྲ་ནི་ནག་ཅིང་སྣུམ་པས་ཉམས་སྣང་མངོན་པར་དོད། ཁོང་གི་གཤིས་ཀ་བལ་ལས་འཇམ་པ་དང་། ལས་ཀ་གང་ཞིག་བསྒྲུབས་ཀྱང་ངང་རྒྱུད་རིང་ལ་འཚབ་འཚུབ་དང་བྲལ། ཁོང་གི་ལུས་ལ་སྐྱོན་ཆ་ཞིག་ཡོད་པ་དེ་ནི་མིད་པ་བདེ་པོ་མེད་པ་དེའོ། སྐབས་རེ་སློབ་ཚན་ཁྲིད་སྐབས་མིད་པར་ན་ཟུག་ཧ་ཅང་ཆེན་པོ་བརྒྱབ་ཀྱང་། ཁོང་གིས་དོ་སྣང་དེ་ཙམ་མི་བྱེད་ལ། སློབ་ཚན་གཅིག་ཀྱང་སྟོང་པར་མ་བཞག་པར་ཁྲིད་དུ་ཡོང་། ཡང་སྐབས་རེ་མིད་པ་འགགས་ནས་སྒྲ་གང་ཡང་མི་ཐོན་ཡང་། རྒན་ལགས་ཀྱིས་སྡུག་རུས་གནང་ནས་འཛིན་གྲྭའི་ནང་དུ་ཕེབས་ཏེ་ང་ཚོར་སྦྱོང་ཚན་བཀོད་སྒྲིག་བྱས་ནས་འབྲི་རུ་འཇུག་པ་དང་། བྲིས་ཚར་རིམ་བཞིན་བཟོ་བཅོས་གནང་གི་ཡོད། ངའི་ངོས་ནས་བཤད་ན་ཁོང་ནི་སྙིང་སྟོབས་ཆེ་ཞིང་སྡུག་རུས་ཅན་གྱི་མི་ཞིག་རེད། མ་གཞི་ཁོང་གི་ལས་གནས་འདི་ལ་རྒྱལ་ཁབ་ཀྱིས་ཟླ་རེར་གླ་ཆ་མང་པོ་སྤྲོད་ཀྱི་ཡོད་མོད། ཁོང་ནི་དོན་དེ་ཁོ་ན་བསམ་མཁན་ཞིག་ཅི་ལ་ཡིན། ཁོང་གི་ཚེ་གང་གི་ལས་ཀའི་དམིགས་ཡུལ་དང་རེ་བ་ནི་ང་ཚོར་ཕན་པའི་ལས་སྒྲུབ་རྒྱུ་དེ་ཡིན།
ཨེ་མ། བརྩེ་བའི་རྒན་ལགས། ཁྱེད་ཀྱི་བཀའ་དྲིན་ནི་རི་བོ་ཧི་མ་ལ་ཡ་ལས་མཐོ་ཞིང་། ཁྱེད་ཀྱི་བཀའ་དྲིན་ནི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ལས་རིང་། ཁྱེད་ནི་ང་ཚོའི་སྨག་རུམ་གྱི་མུན་པ་སེལ་མཁན་ཡིན་ལ། དེ་བས་ང་ཚོའི་ཡོད་ཚད་ཀྱི་ཡོད་ཚད་ཡིན།
འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།
暂无评论内容